ཇ་གླུ།
ཚིག འབྲུག་ལྷ་རྒྱལ།
རི་སྲིན་པོ་རྫ་ཡི་འདབས་རོལ་ན།
ཆོས་བསྟན་པའི་མེ་རོ་གསོ་ས་ན།
ཇ་ཡུ་དམར་འདབ་ལོ་ལྡེམ་མེར་ཡོད།
བོད་སྒང་པའི་ཇ་སྐལ་འདི་ན་ཡོད།
ཇ་གཅིག་འཐུང་གཉིས་འཐུང་དལ་གྱིས་འཐུང་།
དྲི་ཞིམ་པོ་བར་སྣང་ཁམས་ལ་མཆེད།
སེམས་སྣང་བ་སྐྱིད་པའི་གཞི་ལ་ཁྱབ།
ཇ་འཐུང་བའི་མི་ལ་བསོད་ནམས་ཆེ།
ཨ། ཇ་གསོལ་ལོ། ཇ་གསོལ་ལོ།
པཎ་ཆེན་གསོལ་ཇ་འདི་བཞེས་རོགས།།
མདའ་སྟོན་གསོལ་ཇ་འདི་བཞེས་རོགས།།
ཆུ་རྨ་ཀླུང་སྔོན་མོའི་ཁུགས་སོ་ན།
མདའ་ལི་མའི་མཐེབ་རྩལ་འགྲན་ས་ན།
ཇ་མི་གཅིག་ཇ་རིགས་བརྒྱ་སྟོང་ཡོད།
བོད་སྒང་བའི་ཇ་སྐལ་འདི་ན་ཡོད།
ཇ་གཅིག་འཐུང་གཉིས་འཐུང་དལ་གྱིས་འཐུང་།
ལུས་འབྱུང་གཞིའི་ཁམས་ལ་དྲོད་ཅིག་ལྷུང་།
ཁོག་དོན་ལྔ་སྣོད་དྲུག་བདེ་དགས་ཁྱབ།
ཇ་འཐུང་བའི་མི་ལ་བསོད་ནམས་ཆེ།
ཨ། ཇ་གསོལ་ལོ། ཇ་གསོལ་ལོ།
པཎ་ཆེན་གསོལ་ཇ་འདི་བཞེས་རོགས།།
མདའ་སྟོན་གསོལ་ཇ་འདི་བཞེས་རོགས།།
留言评论